ལིས་ཁི་ཆང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཞི་བར་ཞུགས།
ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་སུའུ་ཀྲིག་ཐེ་ཧུའུ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བཅུ་དྲུག་གི་མགོ་ཁྲིད་པ་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཞི་བར་ཞུགས། འདི་ནི་ལིས་ཁི་ཆང་གིས་གྲོས་ཚོགས་སུ་ཞུགས་པའི་མགོ་ཁྲིད་པ་དང་མཉམ་དུ་པར་བླངས་པའི་ཚུལ་རེད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་སུའུ་ཀྲིག་ཐེ་ཧུའུ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བཅུ་དྲུག་གི་མགོ་ཁྲིད་པ་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཞི་བར་ཞུགས།
ལིས་ཁི་ཆང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་དེ་གསུང་བཤད་གནང་སྐབས། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་དེས་ཀྲུང་གོ་དང་ཡོ་རོབ་གླིང་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་ཐབས་ལམ་གསར་བ་གསར་གཏོད་བྱས། རྒྱལ་ཁབ་བཅུ་དྲུག་དང་ཀྲུང་གོ་བར་གྱི་མཉམ་ལས་དེས་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་མཉམ་ལས་དང་མཉམ་དུ་སྤེལ་དགོས་ལ། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་དང་ཡོ་རོབ་གླིང་མནའ་འབྲེལ་བཅས་ཕྱོགས་གསུམ་མཉམ་རྒྱལ་ཡོང་བར་འབད་བརྩོན་བྱས་ནས། ས་ཁོངས་མི་གཅིག་པ་དང་ལམ་ལུགས་མི་གཅིག་པའི་རྒྱལ་ཁབ་བར་གྱི་དངོས་གཉེར་མཉམ་ལས་ཀྱི་རྣམ་པ་གསར་བ་གསར་གཏོད་བྱེད་དགོས་ཞེས་བསྟན།
ལིས་ཁི་ཆང་གིས་སྒོ་འབྱེད་དང་བཟོད་སྒོམ། གཉིས་ཕན་མཉམ་རྒྱལ་གྱི་རྣམ་པ་གསར་བའི་གྲོགས་པོའི་འབྲེལ་བ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་ཕྱོགས་དྲུག་གི་བྱ་བ་གཙོ་བོ་ལེགས་སྒྲུབ་བྱེད་དགོས་པར་མཉམ་དུ་འབད་བརྩོན་བྱེད་དགོས་ཞེས་གཏན་ལ་ཕབ་པ་སྟེ། གཅིག་ནི་མཉམ་ལས་ཇུས་གཞི་ལག་བསྟར་བྱེད་དགོས་པ་དང་། གཉིས་ནི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱས་ནས་ཕན་ཚུན་བར་གྱི་འབྲེལ་འདྲིས་ལ་སྐུལ་འདེད་གཏོང་དགོས། གསུམ་ནི་ཐོན་ནུས་མཉམ་ལས་ཀྱི་རྣམ་པ་གསར་བ་གསར་གཏོད་བྱེད་དགོས། བཞི་ནི་དངུལ་གཏོང་དངུལ་བསྡུ་མཉམ་ལས་བྱེད་ཐབས་རྒྱུན་ཆད་མེད་པར་གསར་སྐྲུན་བྱེད་དགོས། ལྔ་ནི་ཉོ་ཚོང་དང་དངུལ་གཏོང་གཉིས་ལ་ཡར་སྐུལ་གཏོང་དགོས། དྲུག་ནི་མི་གཞུང་དང་སྤྱི་ཚོགས་བརྗེ་རེས་རྒྱ་བསྐྱེད་དགོས་ཟེར།
གྲོས་ཚོགས་སུ་ཞུགས་པའི་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱིས་རྒྱལ་ཁབ་བཅུ་དྲུག་དང་ཀྲུང་གོ་བར་གྱི་མཉམ་ལས་ཆུ་ཚད་མཐོར་འདེགས་སུ་གཏོང་འདོད་ཡོད་པའི་ཚུལ་བསྟན