ཧྲིན་ཀྲིན་གྲོང་ཁྱེར་གྱི་རི་ཉིལ་དོན་རྐྱེན་ཁྲོད་ནས་མི་ང་དགུ་གར་སོང་ཆ་མེད་དུ་གྱུར།
ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ཉིན། ཧྲིན་ཀྲིན་གྲོང་ཁྱེར་འཕྲལ་སྒྲུབ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དབྱང་ཧྥུན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རི་ཉིལ་རྒུད་སྐྱོབ་གནས་ཚུལ་ཁྱབ་སྒྲོག་བྱས།
ཧྲིན་ཀྲིན་གྲོང་ཁྱེར་འཕྲལ་སྒྲུབ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དབྱང་ཧྥུན་གྱིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཚེས་ཉི་ཤུ་ཉིན་ཧྲིན་ཀྲིན་ཀོང་མེན་ས་ཁུལ་གསར་བ་ནས་རི་ཉིལ་ཏེ་མི་ང་དགུ་གར་སོང་ཆ་མེད་དུ་གྱུར་བ་དང་བཟོ་སྐྲུན་སོ་གསུམ་ལ་གཏོར་བརླག་ཐེབས། ས་གནས་སྲིད་གཞུང་ལས་ཁུངས་ཀྱིས་ཆར་བར་མ་འཛེམ་པར་རྒུད་སྐྱོབ་བྱེད་བཞིན་ཡོད་ཟེར།
ཚེས་ཉི་ཤུ་ཉིན་གྱི་དུས་ཚོད་བཅུ་གཅིག་དང་སྐར་མ་བཞི་བཅུའི་སྟེང་ཀོང་ཏུང་ཞིང་ཆེན་ཧྲིན་ཀྲིན་གྲོང་ཁྱེར་ཀོང་མེན་ས་ཁུལ་གསར་བའི་ཧྥུན་ཧོང་གཞིས་ཁུལ་གྱི་ཧིན་ཐེ་ཡུས་བཟོ་ལས་ས་ཁུལ་དུ་རི་ཉིལ་བ་དང་ཉེ་འདབས་ཀྱི་ནུབ་རླངས་ཤར་འདྲེན་སྦུགས་ལམ་གས་གཏོར་བྱུང་། ཡུལ་དངོས་རྒུད་སྐྱོབ་བྱ་བར་ཞུགས་པའི་མེ་གསོད་དཔོན་དམག་འགས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་རི་ཉིལ་རྗེས་བྱུང་བའི་ས་འདམ་གྱི་ཁེབས་རྒྱ་ཧ་ཅང་ཆེ་ཟེར།
དབྱང་ཧྥུན་གྱིས་བཤད་རྒྱུར། ཞིབ་བཤེར་རགས་ཙམ་བྱས་པ་ལྟར་ན། ཐེངས་འདིའི་རི་ཉིལ་དོན་རྐྱེན་ཁྲོད་དུ་བཟོ་གྲྭའི་ཐོག་ཁང་བཅུ་བཞི་དང་གཞུང་སྒྲུབ་ཐོག་ཁང་གཉིས། ཟ་ཁང་གྱན་གཅིག ཁང་ལེབ་གྱན་བཅུ་གསུམ། ཉལ་སའི་ཐོག་ཁང་གསུམ་བཅས་བཟོ་སྐྲུན་སོ་གསུམ་ལ་ཚད་མི་འདྲ་བའི་གཏོར་བརླག་ཐེབས། མི་ང་དགུ་གར་སོང་ཆ་མེད་དུ་གྱུར་བ་དང་དེའི་ནང་དུ་སྐྱེས་པ་སོ་དྲུག་དང་བུད་མེད་ཉེར་གསུམ་ཡོད་ཟེར།
ཡུལ་དངོས་རྒུད་སྐྱོབ་བཀོད་འདོམས་པུའུ་ཡིས་དུས་ཚོད་ཉེར་གཅིག་སྟེང་བསྒྲགས་པའི་གནས་ཚུལ་ལྟར་ན། ས་གཤིས་ཆེད་མཁས་པ་དང་གྲུབ་ཚུལ་ཆེད་མཁས་པས་ཡུལ་དངོས་ལ་དཔྱད་ཞིབ་བྱས་ཏེ་གནས་སྐབས་སུ་རི་ཉིལ་བའི་ཉེན་ཁ་འབྱུང་མི་སྲིད། མེ་གསོད་དམག་དཔུང་དེ་འཚོལ་ཞིབ་ཚན་ཆུང་ཉེར་ལྔ་རུ་བགོས་ཏེ་ཡུལ་དངོས་ལ་སོང་ནས་སྐོར་ཐེངས་གཉིས་པའི་འཚོལ་ཞིབ་བྱས། མིག་སྔར་གནས་གསུམ་དུ་མི་ཡོད་པ་རྩད་ཆོད་དེ་མྱུར་དུ་འཚོལ་ཞིབ་བྱེད་བཞིན་ཡོད་ཟེར།