ཞི་ཅིན་ཕེན་གྱིས་དབྱིན་ཇིའི་ཡོ་ཁི་གོང་ཇོ་རྒྱལ་སྲས་ཨན་ཏི་ལུའུ་ལ་མཇལ་འཕྲད་གནང་།
ཟླ་བཞི་བའི་ཚེས་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱིན་ཇིའི་ཡོ་ཁི་གོང་ཇོ་རྒྱལ་སྲས་ཨན་ཏི་ལུའུ་ལ་མཇལ་འཕྲད་གནང་།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ལྔ་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱིན་ཇིའི་ཡོ་ཁི་གོང་ཇོ་རྒྱལ་སྲས་ཨན་ཏི་ལུའུ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོ་དང་དབྱིན་ཇི་གཉིས་བར་གྱི་འབྲེལ་བའི་ཆེས་བཟང་བའི་དུས་རབས་མགོ་རྩོམ་པའི་ལོ་ཡིན་པས། ང་ཚོས་དབྱིན་ཇི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་སྔར་ལས་ཇེ་དམ་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་པར་གཏོང་འདོད་ཡོད། ཀྲུང་གོ་དང་དབྱིན་ཇི་ཕྱོགས་གཉིས་ཀྱིས་མཐོ་རིམ་བར་གྱི་འགྲོ་འོང་སྔར་ལས་ཇེ་དམ་དུ་གཏོང་བ་དང་། མཉམ་དུ་ཕྱོགས་གཉིས་ལམ་ལུགས་རང་བཞིན་གྱི་གྲོས་མོལ་བཟང་བོར་སྒྲུབ་པ། དངོས་གཉེར་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། ཀྲུང་གོ་དང་དབྱིན་ཇི་གཉིས་ནི་དཔལ་ཡོན་ལྡན་པའི་གནའ་བའི་རྒྱལ་ཁབ་དང་རིག་གནས་རྒྱལ་ཁབ་ཆེན་པོ་ཡིན་པས། ཕྱོགས་གཉིས་ཀྱིས་མི་གཞུང་ཁྱབ་ཁོངས་ནས་བརྗེ་རེས་བྱེད་པ་དང་ཕན་ཚུན་དཔྱད་གཞིར་འཛིན་པ། མཉམ་ལས་བྱེད་པ་བཅས་ལ་སྔར་ལས་ཤུགས་སྣོན་དགོས། ངས་དབྱིན་ཇིའི་རྒྱལ་བོ་ཚང་དང་མཉམ་དུ་ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བཤེས་མུ་མཐུད་དུ་ཇེ་དམ་དུ་གཏོང་བའི་ཐད་ལ་ནུས་པ་བཟང་བོ་འདོན་སྤེལ་བྱས་ནས། ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱི་འབྲེལ་བ་རྒྱུུན་མཐུད་དང་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་བར་དམངས་འདུན་རྨང་གཞི་སྔར་ལས་བརྟན་པོ་འདིང་བར་རེ་སྒུག་བྱས་ཡོད་ཟེར།
ཨན་ཏི་ལུའུ་ཡིས་བཤད་རྒྱུར། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་འགྲོ་འོང་ཇེ་དམ་དུ་གཏོང་བ་དང་། མི་གཞུང་བརྗེ་རེས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་ཇེ་དམ་དུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ཏེ། དབྱིན་ཇི་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་འབད་བརྩོན་བྱེད་འདོད་ཡོད་ཟེར།